འདི་ག་གྲྭ་ཚང་ལ་བཀྲིན་ཆེ་བའི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་དབང་འདུས་དཔལ་བཟང་པོ་མཆོག་ཉེ་ལམ་དཔལ་ལྡན་སྨད་རྒྱུད་པའི་མཁན་པོའི་མཛད་འགན་ལེགས་པར་གྲུབ་པར་འདི་ག་རྫོང་དཀར་ཆོས་སྡེའི་འདུས་མང་ནས་བཀའ་དྲིན་ལེགས་གསོལ་གྱི་འཚམས་འདྲི་ཞུ་བ་དང་འབྲེལ་འདི་ག་གྲྭ་ཚང་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་དེ་རིང་འདི་ག་རྫོང་དཀར་ཆོས་སྡེ་གྲྭ་ཚང་དུ་ཆེད་ཕེབས་ཀྱིས་འདི་གའི་སློབ་གཉེར་བ་རྣམས་ལ་བཀའ་སློབ་བཀའ་དྲིན་ཆེ་གནང་མཛད་ཡོད་པ་རེད།
དེ་ཡང་འདི་གའི་འདུས་མང་ནས་ཕེབས་བསུའི་་གསེར་སྦྲེངས་དང་བཅས་མཁན་ཟུར་རིན་པོ་ཆེ་མཆོག་གྲྭ་ཚང་དུ་ཆེད་ཕེབས་ཀྱིས་ཐོག་མར་༧རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་དང་འབྲེལ་༧གོང་ས་མཆོག་སྐུ་ཚེ་ཡུན་དུ་བརྟན་པའི་གསོལ་འདེབས་ཞུས་ཞིང་། དེ་ནས་རྟེན་གཙོ་ཐུབ་པའི་དབང་པོའི་མདུན་དུ་སྣང་གསལ་ཞལ་ཕྱེ་དང་འབྲེལ་རྟེན་གཙོ་ཁག་ལ་གནས་གཟིགས་དང་ཐུགས་སྨོན་མཚམས་སྦྱོར་གནང་ཏེ་བཞུགས་ཁྲིར་འཁོད་མཚམས་གསོལ་ཇ་འབྲས་སིལ་འདེགས་འབུལ་དང་། འདི་གའི་འདུས་མང་ནས་བཅོམ་ལྡན་འདས་མ་རྣམ་པར་རྒྱལ་མའི་སྒོ་ནས་ཚེའི་ཆོ་ག་དང་འབྲེལ་བའི་མཁན་རིན་པོ་ཆེ་བྱམས་པ་བཟོད་པ་མཆོག་ནས་མཎྜལ་རྟེན་གསུམ་འདེགས་འབུལ་གྱིས་མཁན་ཟུར་རིན་པོ་ཆེ་མཆོག་བསྟན་འགྲོའི་དོན་དུ་སྐུ་ཚེ་ཡུན་དུ་བརྟན་པའི་གསོལ་འདེབས་བརྟན་བཞུགས་སྟབས་བདེ་ཞིག་བསྟར་འབུལ་ཞུས་ཤིང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱག་རྟགས་བསྩལ་སོན་བཞིན་རིང་མིན་དཔལ་ལྡན་སྲས་རྒྱུད་གྲྭ་ཚང་གི་མཁན་ཁྲིར་ཕེབས་འཆར་ལ་འཚམས་འདྲི་བཀྲིས་བདེ་ལེགས་གྲངས་མེད་དང་། བསྟན་འགྲོའི་མཛད་བཟང་གོང་འཕེལ་དུ་ཡོང་བའི་སྨོན་འདུན་ཞུ།
མཇུག་དུ་མཁན་ཟུར་རིན་པོ་ཆེ་མཆོག་ནས་འདི་གའི་སློབ་གཉེར་རྣམས་ལ་ཐུགས་བརྩེའི་བཀའ་སློབ་ལམ་སྟོན་ཟབ་རྒྱས་བཀའ་དྲིན་ཆེ་གནང་མཛད།
མཁན་ཟུར་རིན་པོ་ཆེ་མཆོག་ནི་འདི་གའི་སློབ་གཉེར་རྣམས་ལ་འདས་པའི་དུས་ཡུན་ཁྲོད་ལོ་མང་རིང་ཕྱག་དཔེ་སློབ་འཁྲིད་དང་རྒྱུན་པར་གང་ཅིར་ཐུགས་རྗེས་གཟིགས་པ་གནང་དང་གནང་བཞིན་པར་འདི་གའི་འདུས་མང་ཡོངས་ནས་བཀའ་དྲིན་དང་ཐུགས་རྗེ་བླ་མེད་དུ་ཆེ་ཞུ།
དེ་བཞིན་མཁན་ཟུར་རིན་པོ་མཆོག་ནས་འདུས་ཚོགས་སུ་བསྙན་བཀུར་གཟབ་འབུལ་ཞུས་པ་སོགས་ཀྱི་དྲན་རྟེནདུ།
