རྫོང་ཆོས་ཆོས་ནང་བསྟན་གཙུག་ལག་སློབ་གཉེར་ཁང་གི་ཆོས་ར་གསར་པ།
༧གོང་ས་མཆོག་གི་བླ་ན་མེད་པའི་ཐུགས་རྗེ་དང་བཀའ་དྲིན་ལམ་སྟོན་འོག་འདི་ག་རྫོང་དཀར་ཆོས་སྡེ་གྲྭ་ཚང་གི་མཁན་ལས་ཟུར་དང་ལས་ཀྱི་སྣེ་མོར་གཏོགས་པ་སྐུ་བཤེགས་ཟིན་པ་རྣམས་དང་ད་སྐུ་འཚོ་བཞིན་ཡོད་པ་ཚང་མས་ཐུགས་བསྐྱེད་བཀའ་དྲིན་ལས་འདི་ག་གྲྭ་ཚང་དུ་གཞུང་ཆེན་སློབ་གཉེར་གསར་འཛུགས་དང་ཡར་རྒྱས་ཡོང་བར་འབད་བརྩོན་ལྷོད་མེད་གནང་དང་གནང་བཞིན་པ་དང་། དེ་མཚུངས་ཉེ་ལམ་ལོ་ཤས་སྔོན་ནས་མཁན་རིན་པོ་ཆེ་བྱམས་པ་བཟོད་པ་མཆོག་དང་ལས་ཀྱི་སྣེ་མོ་བ་རྣམ་པས་ཐུགས་འཁུར་ལམ་སྟོན་འོག་ཨར་པོའི་ལས་བྱེད་རྣམ་པས་ཐུགས་འཁུར་ཆེ་བསྐྱེད་ལས་ད་ལམ་སློབ་གཉེར་བའི་ཆེད་ཆོས་ཀྱི་བགྲོ་གླེང་གནང་སའི་ཆོས་ར་གསར་བཞེངས་འགོ་འཛུགས་ཞུས་པའི་ལས་གཞི་གང་མཚམས་ལེགས་བསྒྲུབས་ཟིན་ཏེ་ད་རིང་རྟེན་འབྱུང་ཤིས་བརྗོད་དང་འབྲེལ་ཆོས་ར་འདི་ནས་ལུང་རྟོགས་ཀྱི་བསྟན་པར་ཐོས་བསམ་ཉམས་བཞེས་ཀྱིས་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་འཛིན་སྐྱོང་སྤེལ་བའི་ཐོག་ནས་བསྟན་འགྲོའི་དོན་ཆེན་བསྒྲུབ་པའི་སྐྱེ་བོ་གང་མང་གསོ་སྐྱོང་ཐུབ་པའི་ཐུགས་སྨོན་མཚམས་སྦྱོར་དང་འབྲེལ་བའི་རྟེན་འབྱུང་གི་མཛད་སྒོ་སྟབས་བདེ་ཞིག་བསྒྲུབས།
འབྲེལ་ཡོད་དད་ལྡན་སྦྱིན་པའི་བདག་པོ་རྣམས་དང་ཨར་ལས་ཐུགས་འཁུར་བཞེས་མི་ཡོངས་ལའང་སློབ་གཉེར་བ་ཡོངས་ཀྱི་ཚབ་ཞུས་ཏེ་བཀའ་དྲིན་ཆེ་ཞུ།
མང་དུ་ཐོས་པ་རྒྱ་ཆེར་བཙལ་བས་མཁས། །
ཐོས་དོན་ཇི་བཞིན་རྒྱུད་ལ་སྦྱར་བས་བཙུན།།
ཀུན་ཀྱང་བསྟན་འགྲོའི་དོན་དུ་བསྔོ་བས་བཟང་།།
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
ལུང་ཆོས་སྡེ་སྣོད་གསུམ་གྱི་འཆད་ཉན་དང་།།
རྟོགས་པའི་བསྟན་པ་བསླབ་གསུམ་ཉམས་ལེན་ཏེ།།
མཁས་ཤིང་གྲུབ་པའི་རྣམ་ཐར་རྨད་དུ་བྱུང་། །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག།
ཕྱི་རུ་ཉན་ཐོས་སྤྱོད་པས་ཞི་ཞིང་དུལ།།
ནང་དུ་རིམ་གཉིས་རྣམ་འབྱོར་གདེང་དང་ལྡན།།
མདོ་སྔགས་ལམ་བཟང་འགལ་མེད་གྲོགས་སུ་ཁྱེར།།
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
སྐྱེས་བུ་གསུམ་གྱི་ལམ་གྱི་སྲུང་མའི་གཙོ།།
མྱུར་མཛད་མགོན་དང་རྣམ་སྲས་ལས་གཤིན་སོགས།།
བསྟན་སྲུང་དམ་ཅན་རྒྱ་མཚོའི་མཐུ་སྟོབས་ཀྱིས། །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །